查看原文
其他

བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་གཟེངས་ཡིག་འབུལ་བའི་མཛད་སྒོ།

阳光慈悲 阳光之卫 2023-06-14

བོད་ཆུ་སྟག་ལོའི་གསེར་ཐང་བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་ལོ་འཁོར་གྱི་འཆད་རྩོད་བློ་ཡིག་བཞིའི་སློབ་གཉེར་པའི་རྒྱུགས་འབྲས་གཟེངས་ཡིག་འབུལ་བའི་མཛད་སྒོ་དང་། བོད་ཆུ་སྟག་ལོའི་བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་ལོ་མཇུག་རྒྱུགས་སྤྲོད་ཆེན་མོའི་འཛིན་གྲྭ་ཁག་གི་བཀའ་པོད་དམ་བཅའ། དཔྱད་རྩོམ་དམ་བཅའ། བགྲོ་གླེང་དམ་བཅའ། བཀའ་པོད་བགྲོ་གླེང་བཅས་ཀྱི་ཨང་རབ་འབྲིང་ཐ་གསུམ་ལ་རྒྱུགས་སྤྲོད་གཟེངས་རྟགས་འབུལ་བའི་མཛད་སྒོ་ཁག་བོད་ཆུ་ཡོས་ལོའི་བོད་ཟླ་བཞི་པ་སྟེ་ས་ག་ཟླ་བའི་ཚེས་༡༨ཉིན་དང་ཕྱི་ལོ༢༠༢༣ལོའི༦ཚེས༧ཉིན་རང་བྱུང་དྷི་མ་ཐ་ལའི་ཕོ་བྲང་དུ་གཟབ་རྒྱས་ངང་སྤེལ་བ་རེད།

མཛད་སྒོར་ཕེབས་པའི་སྐུ་མགྲོན་གཙོ་བོ། གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་རྒྱུན་ལས་མི་སྣ་དང་སློབ་སྟོན་པ་སྤྱིའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་དམ་པ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་དང་། སློབ་གཙོ་ཟུར་བ་རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ། མཁན་ཆེན་བསོད་དར་རྒྱས། སློབ་སྟོན་ཚོགས་གཙོ་ལས་ཐོགས་པ་མཁན་པོ་ཚུལ་ཁྲིམས། བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་སློབ་གཙོ་ཟུར་བ་མཁན་མོ་ཆོས་ཀྱི་དབང་མོ། སློབ་གཙོ་ཟུར་བ་མཁན་མོ་རིག་འཛིན་ཆོས་སྒྲོན།  བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་སློབ་སྟོན་ཚོགས་གཙོ་ལས་ཐོགས་པ་མཁན་མོ་ལྷ་སྐྱིད་སོགས་འཛིན་གྲྭ་ཁག་གི་དབུ་འཛིན་མཁན་མོ་ཡོངས་ཕེབས་ཡོད་པ་རེད།

གསེར་ཐང་བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་རྒྱུགས་སྤྲོད་གཟེངས་ཡིག་མཛད་སྒོའི་སྐབས་སུ་གནང་བའི་བཀའ་སློབ་ཟིན་ཐོ།


གསུང་པ་པོ།  མཁན་ཆེན་ཚུལ་ཁྲིམས་བློ་གྲོས།  

ཟིན་བྲིས་པ།   བཙུན་མ་ཀོང་སད།  


གསུང་དུས། བོད་ཆུ་ཡོས་ལོའི་བོད་ཟླ་བཞི་པའི་ཚེས་བཅོ་བརྒྱད། ‍‍

ཕྱི་ལོ། 2023.6.7


         ༡༾   བུད་མེད་དང་བཙུན་མ་ཡིན་པའི་རྒྱུ་མཚན་གྱིས་རིག་གནས་ཀྱི་ཆུ་ཚད་དང་རྒྱུ་འབྲས་མི་བཟང་བའི་རྒྱུ་མཚན་གང་ཡང་མེད།    


༢   སྒར་གྱི་བཙུན་མ་རྣམས་ལ་མཚོན་ན།   སློབ་སྦྱོང་གི་དུས་ཚོད་དེ་ཅུང་ཙམ་རྗེས་སུ་ལུས་པའི་རྒྱུ་མཚན་གྱིས་གྲྭ་པ་རྣམས་ལ་ལྟོས་ན་ཤེས་ཡོན་ཆུ་ཚད་ཅུང་ཙམ་ཞན་ཡོད་མོད།  ད་ནི་སློབ་སྦྱོང་གི་མཐུན་རྐྱེན་ཚང་ཡོད་པས་ལོ་ལྔའི་རྗེས་སུ་ངེས་པར་དུ་གྲྭ་པ་རྣམས་དང་ཡོན་ཚད་ཁྱད་པར་མེད་པ་ཞིག་ཡོང་ཐུབ་དགོས།  


  ༣  གཞུང་པོད་ལྔ་མཐར་ཕྱིན་ནས་རིག་གནས་ཆུ་ཚད་གང་འཚམས་ཡོད་པའི་སྐབས་སུ་རང་གི་ནུས་ཚོད་དང་བསྟུན་ནས་བྱ་བ་བསྒྲུབ་རྒྱུ་ནི་གྲུབ་དོན་དང་འབྲས་བུ་དངོས་དེ་ཡིན་པ་རེད།   



༤  དུས་རབས་གང་འདྲ་ཞིག་གི་གནས་བབ་གང་འདྲ་ཞིག་གི་སྐབས་སུའང་སྐྱེས་པ་ལས་བུད་མེད་ཆོས་ལ་སློབ་སྦྱོང་བྱེད་མཁན་མང་བ་དང་།      ལྷག་པར་དུ་ནུབ་ཕྱོགས་ཀྱི་བུད་མེད་ཚོས་ཆོས་ཞུ་སའི་བུད་མེད་ཅིག་ཡོད་ན་སྙམ་པའི་རེ་སྒུག་དང་འདུན་པ་ཧ་ཅང་ཆེ་བས་ཁྱོད་ཚོས་ཀྱང་མ་འོངས་པར་འཛམ་བུའི་གླིང་གང་དུ་སོང་ཡང་བུད་མེད་ཆོས་བཤད་པར་དགའ་བསུ་ཚད་མེད་ཐོབ་ནས་ཡོད་པ་རེད།



༥   བོད་གངས་ཅན་ལ་མཚོན་ན་སྐད་གྲགས་ཅན་གྱི་བུད་མེད་ཡོད་མོད།  སྤྱིར་ཡོངས་ནས་བཙུན་མ་རྣམས་ལ་དེ་ཙམ་གྱི་གོ་སྐབས་དང་ཁོར་ཡུག་མཐུན་རྐྱེན་མེད་པའི་རྐྱེན་གྱིས་འཇོན་ཐང་དང་ཆེ་བ་དེ་ཙམ་མེད་པ་རེད།     དེ་སང་མི་མང་པོས་གོ་རྟོགས་སད་ནས་བཙུན་མ་རྣམས་ཀྱང་གྲྭ་པ་དང་འདྲ་མཚུངས་ཀྱི་སློབ་གཉེར་དགོས་པར་ངོས་འཛིན་ཡོད་པས་གོ་སྐབས་དང་མཐུན་རྐྱེན་ཁོར་ཡུག་ཡོད་དུས་ཚང་མས་འབད་བརྩོན་ལྷོད་མེད་བྱེད་དགོས།  


༦  བོད་རང་ནས་ཀྱང་བཙུན་དགོན་དང་བུད་མེད་མང་བས་ལྷག་བསམ་རྣམ་དག་གི་སྒོ་ནས་བུད་མེད་རྣམས་ཀྱི་ལུས་སེམས་ཀྱི་དཀའ་ངལ་རྣམས་ལ་ཞིབ་འཇུག་དང་། རྒྱུས་ལོན་ལེགས་པར་བྱས་ནས་ཆོས་བཤད་ན་འགྲོ་དོན་རྒྱ་ཆེན་པོ་ཡོང་ངེས་རེད།  


༧  བླ་མ་ཡིད་བཞིན་ནོར་བུའི་རྣམ་ཐར་ཆེ་ཤོས་བཙུན་མ་ཡིན་ཟེར་དོན་ཡང་བཙུན་མ་རྣམས་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་ལ་བརྩོན་ནས་དེའི་ཐོག་རང་གི་རིག་གནས་ཤེས་པ་ཙམ་མ་ཡིན་པར་གཞན་ལ་ཕན་ཐོགས་པའི་བྱ་བ་རེ་བསྒྲུབ་རྒྱུ་ནི་བླ་མའི་རྣམ་ཐར་གཙོ་བོ་ཡིན་པ་རེད།   


༨   སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་ཀྱིས་མཐར་ཐུག་མཇུག་འབྲས་གཉིས་ཐོག་བབས་དགོས།  གཅིག   རང་ཉིད་ཉམས་ལེན་ལ་བརྩོན་དགོས་པ་དང་།  གཉིས།  གཞན་ཕན་གྱི་བྱ་བ་བརྩོན་རྒྱུ་དེ་རེད།  


༩  རྩིས་འཕྲུལ་དང་རྒྱ་ཡིག་དབྱིན་ཡིག་སོགས་ཐུན་མོང་གི་རིག་གནས་སྐོར་ལ་མཁན་པོ་མཁན་མོ་རྣམས་ཀྱིས་མཐོང་ཆེན་གནང་རྒྱུ་དང་། བཙུན་མ་རྣམས་ཀྱིས་ཀྱང་རིག་གནས་ཐོག་ལ་འབད་བརྩོན་ཆེན་པོ་བྱེད་དགོས། རིག་གནས་དེ་དག་ལག་ཆར་བརྟེན་ནས་བྱ་བ་རྒྱ་ཆེན་པོ་བསྒྲུབ་ཆོག་པ་དང་།   རིག་གནས་དེ་དག་ཀྱང་སངས་རྒྱས་བསྟན་པ་གནས་པའི་རྨང་གཞི་ཡིན་པ་རེད།  མདོར་ན་རང་གི་ལྷག་བསམ་གྱིས་ཁྱོག་ན་དེ་དག་གི་ལག་ཆར་བརྟེན་ནས་གཞན་ཕན་བྱ་བ་རྒྱ་ཆེན་པོ་བསྒྲུབ་ཆོག་པ་རེད།


༡༠   བརྩོན་འགྲུས་ཀྱི་ང་རྒྱལ་ཡོད་དགོས།  ཉོན་མོངས་པའི་ང་རྒྱལ་ཡོད་མི་ཉན།    















2023.6.6‍

       

您可能也对以下帖子感兴趣

文章有问题?点此查看未经处理的缓存